Tuesday, February 6, 2018

རྣམ་གྲོལ་རིག་པ་ཐུན་མིན།

རྣམ་གྲོལ་རིག་པ་ཐུན་མིན་ནི། །

མཐོང་བས་གྲོལ་བ།
རྒྱུ་འབྲས་མ་ཡིན།
སྒྱུར་བ་མ་ཡིན།

དཀར་པོའི་སྤྲིན་དང་ནག་པོའི་སྤྲིན། །
སྒྲིབ་པར་བྱེད་ལ་མཚུངས་པ་དང་། །
གསེར་གྱི་ཐག་དང་ལྕགས་ཀྱི་ཐག །
བཅིང་བར་བྱེད་ལ་མཚུངས་པ་ཡིན། །

མཚུངས་ཆོས་འདི་འདྲ་བཤད་པ་ན། །
དེ་མ་ཐག་ཏུ་རྒྱ་ནག་གི། །
ཧྭ་ཤང་མ་ཧཱ་ཡཱ་ན་ཡི། །
ལྟ་བ་ཡིན་ཞེས་སྨད་པར་བྱེད། །

ཆོས་དང་ཆོས་མིན་རྣམ་གཉིས་པོ། །
གཉིས་ཀ་ཐ་མའི་མཐར་ཐུག་ལ། །
འདས་དགོས་པ་ནི་སངས་རྒྱས་པའི། །
མནའ་བོའི་བཞེད་གཞུང་དམ་པ་ཡིན། །

ཆོས་ནི་སྨན་དང་ཆོས་མིན་དུག །
ཇི་སྲིད་ཆོས་མིན་དུག་གིས་མནར། །
དེ་སྲིད་སྨན་མཆོག་ཆོས་དགོས་ཀྱི། །
དུག་ལས་སངས་ནས་སྨན་མི་དགོས། །

མ་གི་ཉན་ཐོས་ཚུལ་ཉིད་ལས། །
ཡ་གི་རྫོགས་པ་ཆེན་པོའི་བར། །
དགོངས་པ་གཅིག་དང་དབྱངས་གཅིག་ཏུ། །
ཆོས་རྣམས་གཟིངས་དང་འདྲ་བར་གསུངས། །

གསེར་སྒྲོག་ལྕགས་སྒྲོག་རྣམ་གཉིས་པོ། །
བཅིང་བར་བྱེ་བྲག་མེད་པ་ནི། །
སློབ་དཔོན་གཉིས་མེད་རྡོ་རྗེ་ཡིས། །
དོ་ཧ་མཛོད་ཀྱི་འགྲེལ་པར་བཤད། ། དཔེ་བསྡུར་མ། ༢༦་༥༦༣།

No comments:

Post a Comment